དེ་ཡང་སྤྱི་ལོ་ཉིས་སྟོང་ཉེར་དྲུག་གི་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་སོ་གཅིག་གི་ཉིན་ཨོ་གླིང་སིད་ནིས་ཀྱི་གྲོང་ཁྱེར་དུ་༧སྐྱབས་རྗེ་ནམ་མཁའི་སྙིང་པོ་མཆོག་སྐུ་དངོས་ཀྱིས་བཀྲ་ཤིས་བརྒྱད་པ་དང་རྟེན་སྙིང་སོགས་གསུངས་ཤིང་ཐུགས་སྨོན་གྱིས་མཚམས་སྦྱར་ཏེ་ཡེ་ཤེས་འཁོར་ལོ་གངས་ལྗོངས་རིག་གཞུང་ཐེབས་རྩ་ཚོགས་པ་དབུ་བརྙེས་པའི་ཁ་བྱང་ཞལ་ཕྱེས།
ད་དུང་དེར་ཨོ་གླིང་རྒྱ་བརྒྱུད་ནང་པའི་བླ་ཆེན་སོགས་ནང་བསྟན་བརྒྱུད་པ་གཞན་གྱི་བླ་ཆེན་དགེ་འདུན་པ་དང་། ཨོ་གླིང་ནིའུ་སོ་ཐི་མངའ་སྡེའི་ནང་པའི་ཚོགས་པའི་ཚོགས་གཙོ་སོགས་དང་སྐུ་མགྲོན་བརྒྱ་མ་ཟིན་ཙམ་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་པ་འདི་ནི་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་གསར་འཛུགས་གནང་ཞིང་། གཞུང་འབྲེལ་ཁེ་མེད་དང་རོགས་ཕན་གྱི་དེབ་བསྐྱེལ་ཚད་ལྡན་ཟིན་པ་ཞིག་དང་། ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རིག་གཞུང་གི་ཚོགས་པ་ཞིག་ཡིན།
ཚོགས་པ་འདིའི་དམིགས་ཡུལ་ནི་གངས་ཅན་ཁ་བའི་ལྗོངས་ཀྱི་སྐད་དང་ཡི་གེ །ཆོས་དང་རིག་གཞུང་འདི་ཉིད་ལ་ཞབས་ཏོག་གང་ཐུབ་ཞུ་རྒྱུ་དང་། ཨོ་གླིང་ས་གནས་ཀྱི་བོད་དང་འབྲུག་པ། བལ་ཡུལ་དང་རྒྱ་གར་སོགས་སུ་གཏོགས་པའི་ཧི་མ་ལ་ཡའི་རིག་གཞུང་གཅིག་པ་དག་གིས་ཕ་མེས་ཀྱི་རིག་གཞུང་དེ་ཉིད་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། ཨོ་གླིང་གི་རིག་གཞུང་སྣ་མང་སྤྱི་ཚོགས་ཀྱི་ཆ་ཤས་གལ་ཆེན་ཡིན་པའི་རིག་གཞུང་འདིའི་རིན་ཐང་དང་བྱེད་ནུས་སོགས་ལ་བརྟེན་ནས་ཨོ་གླིང་གི་སྤྱི་ཚོགས་ལ་རིག་གཞུང་གི་ངོ་བོའི་ཐོག་ནས་ཞབས་ཏོག་བྱ་རྒྱུ་བཅས་ཡིན་པ་རེད།





